アットウィキロゴ
རྒྱ་གར་སྐད་དུ། པྲ་མ་ན་མནའ་ཏ་མཿཏཱ་ན་བ་ནཱ་མ།
བོད་སྐད་དུ། ཚད་མ་ཡིད་ཀྱི་མུན་པ་སེལ་བ་ཞེས་བྱ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། བླ་མ་རྣམས་ལ་ཕྱག་འཚལ་ལོ།། །།བརྩེར་ལྡན་ནམ་མཁའི་མཐས་གཏུགས་འགྲོ་རྣམས་སྲིད་པའི་མཚོའ་ལས་བསྒྲལ་བའི་བློས། །རྨད་བྱུང་དཀའ་སྤྱད་དགེ་ཚོགས་མཐར་ཕྱུང་བློ་གྲོས་དྲི་མེད་ལེགས་སྦྱངས་ཏེ། །མི་ཤེས་མུན་བཅོམ་ཤེས་བྱ་མཐའ་མེད་སྤྲོས་པ་ཞི་བར་གསལ་ལྡན་པས། འགྲོ་རྣམས་ཀུན་མཁྱེན་ལམ་དུ་ཁྲིད་བར་མཛད་པ་དེ་ལ་ཕྱག་འཚལ་ལོ། །རིགས་པས་གཟིའ་ལྡན་བློ་གསལ་དཀྱིལ་འཁོར་བརྩེ་བའི་འོད་ཀྱི་དྲ་བ་ཅན། །སྤོབས་པ་མྱུར་འཇུག་གསུང་གི་ཟེར་གྱིས་ལྟ་ངན་མུན་པའི་ཚོགས་འཇོམས་ཤིང་། །ཇི་བཞིན་ཇི་སྙེད་མཁའ་དང་སྣ་ཚོགས་ལུས་ཅན་མ་ལུས་ཀུན་སྟོན་ལ། །སྐལ་ལྡན་བློའི་པད་མོ་ཁ་འབྱེད་ཉི་གསལ་བླ་མའི་ཚོགས་ལ་འདུད། །མཚན་ཉིད་དང་ནི་རྣམ་འགྲེལ་མཛད་དང་དེ་ལུགས་རྗེས་འཇུག་བློ་ལྡན་གྱིས། །གསལ་བར་མ་བྱས་རིགས་པའི་ཚུལ་ནི་ཅུང་ཟད་ཡོད་མིན་ཡང་། །ཚིག་ཙམ་མ་ཡིན་དངོས་སྟོབས་ལས་འོངས་རྟགས་ཀྱི་རྗེས་འབྲང་རིགས་པ་ཡིས། །རྣམ་པར་གནས་པ་ཚད་མའི་སྣང་པ་ཡིད་ཀྱི་མུན་སེལ་འདིར་བརྗོད་བྱ། །འདི་དོན་ལེགས་པར་རྟོགས་ན་ཐུབ་དབང་གསུང་ནི་དགོངས་འགྲེལ་བཅས། །སྐྱོབ་པའི་ཐབས་དང་ཇི་བཞིན་དོན་རྣམ་འབྱེད་ཅིང་དངོས་དང་དངོས་མིན་ཚོགས། །རྣམ་དཔྱོད་བློ་ཡིས་ལེགས་པར་སྨྲ་བས་ལྟ་ངན་སྤོབས་པ་ཞི་བྱེད་ལ། །ལམ་ངན་ཐག་བསྲིང་མཆོག་གི་ལམ་ཞུགས་ཀུན་མཁྱེན་མིའི་དབང་པོར་འགྱུར།། །།

ཚད་མའི་ཚུལ་ཇི་ལྟ་བ་བཞིན་དུ་ངེས་པར་བྱེད་པ་ན། སྤྱིར་བློ་ཙམ་གྱི་དབྱེ་བ་དང་། བྱེ་བྲག་དུ་ཚད་མའི་བློ་....བྱ་བ་གཉིས་ཀྱི་རྣམ་པར་གཞག་གོ། དང་པོའང་གཟུང་ཡུལ་ལ་ལྟོས་ནས་བློ་གསུམ་དུ་དབྱེའ་བ་དང་། གཟུང་པ་དང་ཞེན་པའི་ཡུལ་གཉིའ་ག་ལ་ལྟོས་ནས་བློ་མདུན་དུ་དབྱེ་བ་གཉིས་ཀྱིས་ངེས་པར་བྱའོ། །
དང་པོ་ནི་སྤྱིར་བློ་ལ་སྣང་པ་གཟུང་པའི་ཡུལ་ལ་གསུམ་སྟེ་དོན་རང་གི་མཚན་ཉིད་དང་དོན་སྤྱི་དང་རྟོག་མྱེད་འཁྲུལ་པའི་དམིགས་པའོ། དང་པོ་ནི་ཡུལ་དུས་མ་འདྲེས་པར་གསལ་ལ་དོན་བྱེད་ནུས་པ་སྟེ་ཡུལ་ལྔ་དང་དབང་པོ་ལྔ་དང་སྣོད་ཀྱི་འཇིག་རྟེན་དུ་བཅས་པའི་གཟུང་བར་སྣང་པ་དང་སེམས་དང་སེམས་ལས་བྱུང་པའི་བློ་མཐའ་དག་གོ། དོན་སྤྱི་ནི་ཡུལ་དུ་འདྲེས་པར་སྣང་པ་མི་གསལ་ཞིང་དོན་བྱེད་མི་ནུས་པ་སྟེ་འདས་པ་དང་མ་འོངས་པ་ད་ལྟར་དང་ཐག་ཉེ་བ་དང་རིང་པ་དང་དངོས་པོ་དང་དངོས་མེད་དང་ཤེས་བྱ་ལ་སྲིད་པ་དང་མི་སྲིད་པ་དང་གང་ཡིད་ལ་བྱས་ཀྱང་རྟོག་པ་ཐལ་གྱིས་འབར་བ་རྣམས་སོ།། །།རྟོགས་མེད་འཁྲུལ་པའི་དམྱིགས་པ་ནི་ཡུལ་དུས་ལ་འདྲེས་པར་གསལ་པ་ཡང་དོན་བྱེད་མི་ནུས་པ་སྟེ་ཟླ་བ་གཉིས་དང་རྨྱི་ལམ་གྱི་གླང་པོ་ལ་སོགས་པ་སྣང་པ་རྣམས་ཡིན་ནོ། །དེ་ལྟར་ཡུལ་གསུམ་ལ་འཇུག་པས་བློ་ལ་གསུམ་སྟེ། དོན་རང་གི་མཚན་ཉིད་གཟུང་ཡུལ་དུ་བྱེད་པ་ཤེས་པ་མཐའ་དག་ལ་ཡོད་པའི་རང་རིག་དང་གཟུགས་ལས་སོགས་པ་ལྔ་སྣང་པའི་དབང་པོའི་ཤེས་པ་འཁོར་བཅས་དང་དེ་དག་སྣང་པའི་ཡིད་རྣལ་འབྱོར་པའི་ཤེས་པ་དང་བཅས་པ་ནི་རྟོག་མྱེད་ཀྱི་མངོན་སུམ་སྟེ། ཡུལ་བདེན་པས་བློ་མ་འཁྲུལ་བ་དང་། ཡུལ་དང་བློ་གཉི་ག་དངོས་པོ་ཡིན་ལ་གཞན་དབང་ཡང་ཡིན་ནོ། །དོན་སྤྱི་གཟུང་ཡུལ་དུ་བྱེད་པའི་ཕྱིར་ལས་ཀྱི་ཡིད་འཁོར་བཅས་ནི་རྟོག་པ་སྟེ། ཡུལ་བརྫུན་པས་བློ་འཁྲུལ་པ་དང་། ཡུལ་དངོས་མེད་ལ་བློ་དངོས་པོ་དང་ཡུལ་ཀུན་བརྟགས་ལ་བློ་གཞན་དབང་དུ་གནས་པ་ཡིན་ནོ། །རྟོག་མེད་འཁྲུལ་པའི་དམྱིགས་པ་གཟུང་ཡུལ་དུ་བྱེད་པ་ཟླ་བ་གཉིས་སྣང་པ་ལས་སོགས་པའི་དབང་ཤེས་དང་རྨྱི་ལམ་གསལ་སྣང་ལས་སོགས་པའི་ཡིད་ཤེས་ནི་རྟོག་མེད་འཁྲུལ་པའི་སྟེ། ཡུལ་རྫུན་པས་བློ་འཁྲུལ་པ་དང་། ཡུལ་དངོས་པོ་མྱེད་ཀྱང་བློ་དངོས་པོ་དང་། ཡུལ་སྒྲོ་བཏགས་ལ་བློ་གཞན་དབང་ཡིན་ནོ། །
最終更新:2008年09月02日 12:21